༄༅། །སསྟི། ཚོགས་བཅད་དམར་པོ་ལ་གཏོར་མ་འབུལ་བའི་ཚུལ་ནི། གཏོར་མ་ཤ་ཁྲག་གིས་བརྒྱན་པ་ཆང་ཆུ་ནང་མཆོད་ཀྱིས་བྲན། བླ་མེད་སྤྱི་ལྟར་ བྱིན་གྱིས་བརླབས་ནས། དཔལ་ལྡན་ཚོགས་བདག་པདྨ་རཱ་གའི་མདོག་ཕྱག་གཡས་དགྲ་སྟ་མདའ་ཆེན་ལྕགས་ཀྱུ་དང། །རྡོ་རྗེ་རལ་གྲི་འཕང་མདུང་འཛིན་མཛད་ཅིང། །གཡོན་པ་གཏུན་ཤིང་གཞུ་དང་ ཁ་ཏཱཾ་ག་ཁྲག་དང་ཤ་ཡིས་གང་བའི་ཐོད་པ་དང། །བ་དན་གསུམ་པས་བརྒྱན་པའི་ཕུབ་འཛིན་ཅིང། །བྱི་བ་གནས་གླང་པོའི་གདོང་པ་ཅན། །རང་གཞིན་གནས་ནས་འདིར་སྤྱོན་མཆོད་གཏོར་བཞེས་ [197B] ལྗགས་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩི་གཅིག་པ་འོད་ཀྱི་སྦུ་གུ་ཅན་དུ་གྱུར། ཨོཾ་ག་ཎ་པ་ཏི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ། ཁཱ་ཧི་ཁཱ་ཧི་ཞེས་པ་བདུན་ནམ་གསུམ་གྱིས་གཏོར་མ་ཕུལ། ཨརྒྷཾ་སོགས་ ཀྱིས་མཆོད། ཨོཾ་ཨཱ་ཧཱུཾ་བཏགས་ལ་ནང་མཆོད་ཕུལ། ལྷ་ཆེན་དྲག་པོ་བྱུ་རུའི་ལྷུན་པོ་བཞིན། །རབ་མཛེས་རྟེན་འབྲེལ་དག་པའི་ཕྱག་མངའ་བ། །དྲན་པ་ཙམ་གྱིས་ནོར་གྱི་ཆར་འབེབས་པའི། །དཔལ་ལྡན་ཚོགས་ ཀྱི་བདག་པོ་ཁྱོད་ལ་བསྟོད། །གནོད་བྱེད་དགྲ་བགེགས་མ་ལུས་ཚར་བཅད་ནས། །བདག་གི་འགལ་རྐྱེན་བར་གཅོད་ཀུན་ཞི་ཞིང། །ཚེ་དང་དཔལ་འབྱོར་མངའ་ཐང་ལོངས་སྤྱོད་རྒྱས། །ཁམས་གསུམ་དབང་དུ་བསྡུ་ བའི་འཕྲིན་ལས་མཛོད། བཟླས་པ་བྱེད་པར་འདོད་ན། རང་ཡི་དམ་དུ་གསལ་བའི་ཐུགས་ཀའི་ས་བོན་ལས་འོད་འཕྲོས། ཚོགས་བདག་གི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་གྷཾ་ཡིག་དམར་པོའི་མཐར་ཨོཾ་གྷཾ་ཧཱུཾ་ཕཊ་ ཨོཾ་གྷཾ་ག་ཎ་སིདྡྷི་ས་དྷ་མེ་པྲ་ཡཙྪ་ཧཱུཾ་སཱཧཱ། ཞེས་པས་བསྐོར་བ་ལ་ཕོག་པས་ཐུགས་རྒྱུད་རང་དབང་མེད་པར་བསྐུལ། རང་གིས་བཅོལ་བའི་ལས་ཐམས་ཅད་བསྒྲུབ་པར་བསམ་ཞིང་སྔགས་བཟླའོ། །ཞེས་པ་འདི་ཡང་བཙུན་ པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་སྦྱར་བའོ།། །།